བཀའ་གཙིགས་ཀྱི་རྡོ་རིང་འདི་ལ་ཁ་ཅིག་གིས《ཁྲང་ཆིན་ཞང་དབོན་འདུམ་པའི་རྡོ་རིང》ཞེས་འབོད་ཀྱང༌།“ཁྲང་ཆིན”ཞེས་པ་ནི་ཐང་མོའུ་ཙུང་ཁྲི་ལོའི་མིང་གི་སྒྲ་སྒྱུར་ཡིན་ཞིང༌།ཡི་གེ་དེའི་ངོ་གདོང་ཙམ་གྱིས་བོད་ཡིག་ཀློག་པ་པོ་རྣམས་ལ་གོ་བ་སྟེར་རྒྱུ་མེད་པས་དོར་བ་དང༌།ངེད་ཅག་གི་དཔྱད་བྱ་གཙོ་བོ་ནི་རྡོ་རིང་ངོས་ཀྱི་བོད་ཡིག་ཡིན་ཏེ་བོད་ཡིག་ལས“ཞང་དབོན”མ་ཡིན་པར“དབོན་ཞང”ཞེས་བྱུང་བས་དེ་བཞིན་དུ་བཞག་ནས།《དབོན་ཞང་འདུམ་པའི་བཀའ་གཙིགས་ཀྱི་རྡོ་རིང》ཞེས་མིང་བཏགས། དེས་ན་བཙན་པོ་སྲོང་བཙན་སྒམ་པོས་རྒྱ་བཟའ་ཝུན་ཁྲིན་ཀོང་ཇོ་དང་བཙན་པོ་ཁྲི་ལྡེ་གཙུག་བརྟན་གྱིས་རྒྱ་བཟའ་ཀྱིན་ཁྲིན་ཀོང་ཇོ་ཁབ་ཏུ་བཞེས་པས་བོད་རྒྱ་གཉིས་དབོན་ཞང་གི་ཚུལ་དུ་གྱུར། རྒྱུ་མཚན་དེའི་དབང་གིས“དབོན་ཞང”ཞེས་པའི་ཐ་སྙད་དེ་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་ཐང་མོའུ་ཙུང་རྣམ་གཉིས་ཞི་ཞིང་མཐུན་པའི་ཆབ་སྲིད་གཅིག་ཉིད་ལ་དགོངས་པ་རྣམ་པར་མཐུན་ནས་ཆད་མལ་བྲོ་བོར་བའི་ཆིངས་ཡིག་ལས་བྱུང་བ་མ་ཟད།སྤྱི་ལོ733པར་བཙན་པོ་ཁྲི་ལྡེ་གཙུག་བརྟན་དང་ཐང་ཞོན་ཙུང་གཉིས་ཀྱི་རིང་ལ་རྡོ་ཉི་ཟླ་ནས་བོད་རྒྱའི་ས་མཚམས་བཅད་པའི་ཆིངས་ཡིག་དང༌། སྦྱི་ལོ783པར་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་ཤང་ཏི་ཙུང་གཉིས་ཀྱི་རིང་ལ་ལོང་ཧྲན་ལ་རྒྱུད་སོགས་ནས་བོད་རྒྱའི་ས་མཚམས་གསལ་བོར་བཅད་པའི་ཆིངས་ཡིག་གཉིས་ལས་ཀྱང“དབོན་ཞང”ཞེས་པའི་ཐ་སྙད་དེ་བྱུང་བས། གསུམ་ཀའི་གང་ཡིན་འབྱེད་མི་ཐུབ་པས་སྐྱོན་དུ་སོང་ཞེ་ན། དེ་ཡང་ཅུང་ཟད་བདེན་མོད་ཀྱང༌། སྔ་མ་དེའི་བོད་ཡིག་གི་ཕྱི་མོ་ནི་དེང་མཇལ་དུ་མེད་ལ་རྡོ་རིང་ཉིད་ཀྱང་གནའ་སྔ་མོ་ནས་ས་ཡལ་རྡུལ་བསྐུར་དུ་སོང་བ་དང༌། བར་མ་དེ་ལའང་རྒྱ་ཡིག་གི་ཕྱི་མོ་ལས་བོད་ཡིག་མེད་པ་དང་ཆིངས་ཡིག་རྡོ་རིང་ངོས་སུ་བྲིས་པའི་གཏམ་ཡང་གོ་ཐོས་སུ་མེད། ཕྱི་མ་འདི་ཉིད་ལོ་ཆིག་སྟོང་ལྷག་གི་རིང་ལ་ར་ས་འཕྲུལ་གྱི་གཙུག་ལག་ཁང་གི་མདུན་དུ་ཀྲོང་ངེར་ལངས་ནས་ད་ལྟའི་བར་མཇལ་དུ་ཡོད་པས།《དབོན་ཞང་འདུམ་པའི་བཀའ་གཙིགས་ཀྱི་རྡོ་རིང》ཞེས་བཤད་ན་སྐྱོན་ཅི་ཡང་མེད་འདོད།
འོ་ན་རྡོ་རིང་དེ་ཚུལ་ཇི་ལྟར་མཆིས་ཤེ་ན། དེ་ལ་འདི་ལྟར་དུ། ཆར་ཁེབས་ཆུང་ངུ་གྲུ་ནར་ཅན་ལ་ཏོག་དང་ལྡན་པའི་བཀའ་གཙིགས་ཀྱི་རྡོ་རིང་དེ་ཉིད་ར་ས་འཡུལ་སྣང་གི་སྒོ་ཆེན་མདུན་ཐད་ཅུང་ཟད་གཡས་ཟུར་གྱི་མཁར་བུ་ཆུང་ཆུང་ཞིག་གི་ནང་དུ་མཆིས་ཤིང༌།དེང་རྡོ་རིང་གི་ཁྲི་དང་ཞབས་སར་འཐུམས་པས་སྤྱིར་ག་ཚོད་ཡོད་པ་མི་ཤེས་ཀྱང༌། ཡི་གེ་ཚང་མ་སར་མ་ནུབ་པས་མཐོང་ཐུབ་ལ། ས་ནས་ཏོག་གི་བར་སྨི་4.78ཙམ་གྱིས་སྲིད་དུ་མཐོ་བ་དང༌། སྨི་0.95ཙམ་གྱིས་ཞེང་དུ་ཆེ་བ། མཐུག་ཚད་ལ་ཡང་སྨི་0.50ཙམ་ཡོད། “རྡོ་རིང་གི་ཞེང་ཆེ་བ་གཉིས་ལ་བཙན་པོ་དབོན་ཞང་གཉིས་ཀྱིས་ཆད་མལ་ལ་བགྱིས་པའི་མནའ་ཚིགས་ཀྱི་ཡི་གེ་བྲིས།ཞེང་ཆུང་བ་གཉིས་ལ་བོད་དང་རྒྱའི་བློན་པོ། བཀའ་ལ་གཏོགས་པའི་རྩིས་པ་རྣམས་ཀྱི་མིང་རུས་བྲིས”ཞེས་པ་ལྟར། རྡོ་རིང་ཤར་ངོས་ཀྱི་ཞེང་ཆེ་བ་ལ་དབུ་ཁྱུད་དང་བཅས་པའི་བོད་ཡིག་རྐྱང་བ་ཐིག་ཕྲེང་དོན་གཅིག་བཀོད་ཅིང༌། ནུབ་ངོས་ཀྱི་ཞེང་ཆེ་བར་བོད་རྒྱ་ཤན་སྦྱར་གྱིས་བྲིས་པའི་གཡས་སུ་བོད་ཡིག་བཀོད་པར་ཐིག་ཕྲེང་དོན་བདུན་ཡོད་པ་དང་གཡོན་དུ་རྒྱ་ཡིག་བཀོད། ལྷོ་ངོས་ཞེང་ཆུང་བ་ལ་གོང་བོད་ཡིག་དང་འོག་རྒྱ་ཡིག་གིས་ཐང་གི་བློན་ཆེན་གཙོ་ཕལ་གཙིགས་འཛིན་པ་ལ་གཏོགས་པ་བཅོ་བརྒྱད་ཀྱི་གོ་གནས་དང་མིང་རུས་བྲིས་ཡོད་པ་དང༌། བྱང་ངོས་ཞེང་ཆུང་བར་གོང་བོད་ཡིག་དང་འོག་རྒྱ་ཡིག་གིས་བོད་ཀྱི་བློན་ཆེན་གཙོ་ཕལ་གཙིགས་འཛིན་པར་གཏོགས་པ་བཅུ་བདུན་གྱི་ཐོབ་ཐང་དང་མིང་རུས་བཅས་བཀོད་ཡོད་དོ།།
འདིར་རྡོ་རིང་ཤར་ངོས་ཀྱི་བོད་ཡིག་རྐྱང་བ་ནི་རྒྱ་མ་ཐེ་བར་བོད་རང་ཉིད་ཀྱིས་རང་གི་ཆེ་བ་དང་བོད་རྒྱའི་བར་གྱི་མཛའ་མཐུན་འབྲེལ་བ་བརྗོད་པ་ཡིན་གྱི། རྒྱལ་ཁབ་གཉིས་ནས་མཇལ་འདུམ་མཛད་པའི་ཆིངས་ཡིག་དངོས་ནི་མ་ཡིན་པར་འདོད་དེ། ཡུལ་གཉིས་ཀྱི་གྲོས་ཆོད་གནད་བསྡུས་ནི་རྡོ་རིང་ནུབ་ངོས་སུ་ཡིག་གཉིས་ཤན་སྦྱར་གྱིས་བྲིས་པ་དེ་ཡིན་ནམ་སྙམ། རྒྱུ་མཚན་ནི། རྡོ་རིང་ཤར་ངོས་ཀྱི་མགོར“འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་གཙུག་ལྡེ་བརྩན་དང༌།། རྒྱ་རྗེ་བྰུན་བྰུ་ཧེའུ་ཏིག་ཧྭང་ཏེ་གཉྀས།།ཆབ་སྲྀད་གཅྀག་དུ་མོལ་ཏེ་མཇལ་དུམ་མཛད་པའྀ་དབོན་ཞང་གཉྀས་ཀྱི་ཚུལ་ཅི་འདྲ་བ་དང།། མཇལ་དུམ་མཛད་པའི་གཏན་ཚིགས་རྡོ་རིང་ལ་བྲིས་པའོ།།”ཞེས་པ་ལས།བོད་རྒྱ་གཉིས་ཀྱི་འབྲེལ་བ་ནི་སྤྱིར་བཏང་བ་ཞིག་མ་ཡིན་པར་དབོན་ཞང་གི་འབྲེལ་བ་ཡིན་ཞིང༌།འབྲེལ་བའི་ཚུལ་དེ་ཡང་ཅི་འདྲ་ཞིག་ཡིན་པ་དང་དབོན་ཞང་གཉིས་ནས་མཇལ་དུམ་མཛད་པའི་གཏན་ཚིགས་ཏེ་རྒྱུ་མཚན་དག་མང་བོ་ཀུན་ལ་ཤེས་པར་བྱ་བའི་ཆེད་བོད་རང་ཉིད་ཀྱི་ཆེ་བ་བརྗོད་པ་དང་ཆབས་གཅིག་བོད་རྒྱའི་འབྲེལ་བ་སྤྱི་ཙམ་བཤད་པ་ཤེས་ཐུབ། མ་ཟད་ཤར་ངོས་བོད་ཡིག་གི་ཁྲོད་དུ་བོད་རྒྱའི་ས་མཚམས་ཡུལ་གང་ནས་བཅད་པ་མིང་ཙམ་ཡང་གླེང་མེད་ལ། དབོན་ཞང་འདུམ་པར་གྱུར་རྗེས་ཡུལ་གཉིས་ནས་རང་རང་གི་ངང་ཚུལ་ཇི་ལྟར་བསྲུང་དགོས་པའང་བཤད་མེད། ཐ་ན་ཀྱིན་ཁྲིན་ཀོང་ཇོ་བོད་ལ་བྱོན་པའི་སྐོར་བཤད་སྐབས་རྡོ་རིང་གི་ཡིག་ཕྲེང་ཉེར་དྲུག་པར“རྒྱ་རྗེ་སམ་ལང་ཁའེ་འགྭན་ཤེང་བྰུན་ཤྀན་བྰུ་ཧྭང་ཏེ”ཞེས་ཐང་ཞོན་ཙུང་དང་རྒྱ་མོ་བཟའ་འདི་པའི་ཡབ་ཏུ་ངོས་འཛིན་དགོས་པའི་ཐང་ཀྲུང་ཙུང་གཉིས་ནོར་བ་འདི་འདྲ་ཞིག་བཀོད་ཡོད་པ་ལ་བརྟགས་ན།རྒྱ་མ་ཐེ་བའི་དབང་གིས་སྐྱོན་དེ་འདྲ་ཞིག་བྱུང་བ་ཡིན་ནམ་སྙམ། གོང་གསལ་འདི་དག་ལས་རྡོ་རིང་ནུབ་ངོས་ཀྱི་བོད་ཡིག་གི་མགོར། “བོད་ཀྱི་རྒྱལ་པོ་ཆེན་པོ་འཕྲུལ་གྱྀ་ལྷ་བཙན་པོ་དང༌།རྒྱའྀ་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་ཏེ་དབོན་ཞང་གཉྀས།། ཆབ་སྲིད་གཅྀག་དུ་མོལ་ནས།།མཇལ་དུམ་ཆེན་པོ་མཛད་དེ་གརྀགས་བཅས་པ།། ནམ་ཞར་ཡང་མྱྀ་འཀྱུར་བར་ལྷ་མྱྀ་ཀུན་ཀྱྀས་ཤེས་ཤིང་དཔང་བྱས་ཏེ་ཚེ་ཚེ་རབས་རབས་སུ་གཏམ་བརྗོད་དུ་ཡོད་པའྀ་ཕྱིར།། གཙྀགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པའོ།།”ཞེས་པས། ནུབ་ངོས་ཀྱི་ཡི་གེ་ནི་ཆིངས་ཡིག་དངོས་ཡིན་པ་དང༌། ཤར་ངོས་ཀྱི་ཡི་གེ་ནི་ཆིངས་ཡིག་འདི་འདྲ་ཞིག་འཇོག་དགོས་པའི་གཏན་ཚིགས་ཙམ་ཡིན་པ་གསལ་པོར་ཤེས་ཐུབ་པ་ཡིན་ནོ།། དེས་ན་རྡོ་རིང་དེ་སློང་བའི་སྤྱན་གཟུགས་མཁན་ལ་ཐང་གི་ཕོ་ཉ་པ“འུག་ཤེའུ་ཞང་ཤིང་”(御史中丞)གི་ཐོབ་ཡོད་པ“དོ་ཙེའེ”(杜载)ལ་སོགས་པ་ཡོད་པས། “རྒྱ་མ་ཐེ་བར”(ཞེས་པ་སྐྱོན་དུ་མ་སོང་ངམ་ཞེ་ན། སྐྱོན་མེད་དེ་ངེད་རང་གིས་འདིར་བཤད་པ་ནི་རྡོ་རིང་ཤར་ངོས་ཀྱི་བོད་ཡིག་འབྲི་བར་རྒྱ་མ་ཐེ་ཞེས་པ་ལས། རྡོ་རིང་སློང་དུས་ཐང་གི་ཕོ་ཉ་མེད་ཅེས་བཤད་པ་མིན་ལ།ཕོ་ཉ་པ་དེ་དག་ཀྱང་བོད་ཀྱི་སྐད་ཡིག་ལ་མི་མཁས་པ་འགའ་ཡིན་པས་ཞུ་དག་ལེགས་པོ་མ་སོང་བར་འདོད།
རྡོ་རིང་ནུབ་ངོས་སུ་ཡིག་གཉིས་ཤན་སྦྱར་གྱིས་བྲིས་པའི་གྲོས་ཆོད་དེའི་ཐོག་མའི་ཕྱི་མོ་བོད་ཡིག་ཡིན་ཞིང་རྗེས་སུ་རྒྱ་ཡིག་ཏུ་བསྒྱུར་ནས་གཉིས་ཀ་རྡོ་རིང་ངོས་སུ་བཀོད་པ་འདྲ།དཔེར་ན། རྒྱའི་ལོ་རྒྱུས་ཡིག་ཚང་ལས“བཙན་པོའི་འདུམ་འཕྲིན་དུ‘རྒྱལ་ཁབ་གཉིས་ཀྱིས་དགྲར་མི་འཐབ་པར། གསོན་པོར་བཟུང་བ་ཞིག་མཆིས་ན། གཏམ་དྲིས་ཏེ་བྲོ་ཆས་བརྫངས་ནས་ཕྱིར་གཏང་ངོ་’ཞེས་པ་བཞིན་བཀས་གནང༌།”ཞེས་བྱུང་བ་དང༌།“ཆེན་པོ་བོད་ཀྱི་བཙན་པོ་དང་བློན་ཆེན་བན་ཆེན་པོ་དང་ཞང་ཁྲི་སུམ་རྗེ་སོགས་ཀྱིས་ཐོག་མར་འདུམ་ཡིག་གནད་བསྡུས་བསྐུར་ཡོང་བ་ལས།‘བོད་རྒྱ་གཉིས་ནས་ད་ལྟར་མངའ་བའི་མཚམས་བསྲུངས་ཏེ། དེ་ལས་ཕན་ཚུན་དམག་མི་འདྲེན་པ་དང་དགྲར་མི་འཐབ་པ། ཡུལ་མི་བརྣབ་ཅིང༌།ཡིད་མ་ཆེས་པ་ཞིག་ཡོད་ན་བཟུང་ཞིང་གཏམ་དྲིས་ཏེ་བྲོ་ཆས་བརྫངས་ནས་ཕྱིར་“གཏང་ངོ་’ཞེས་པར་གོང་ས་ནས་དེ་བཞིན་བཀས་གནང་བ་ལས་བླང་དོར་ཅི་ཡང་མ་མཛད”ཅེས་བྱུང་ཞིང༌། རྡོ་རིང་ནུབ་ངོས་ཀྱི་བོད་ཡིག་ཐིག་ཕྲེང་ཉེར་དྲུག་ནས་ཉེར་བརྒྱད་བར་དང༌།སོ་གཅིག་ནས་སོ་ལྔའི་བར་དུའང༌། “བོད་རྒྱ་གཉིས།། ད་ལྟར་དུ་མངའ་བའྀ་ཡུལ་དང་མཚམས་སྲུང་ཞིང།།”ཞེས་དང༌། “དེ་ལས་ཕན་ཚུན་དགྲར་མྱྀ་འཐབ།། དམག་མྱྀ་དྲང།། ཡུལ་མྱྀ་མརྣམ།།ཡྀད་མ་ཆེས་པ་ཞྀག་ཡོད་ན།། མྱྀ་བཟུང་ཞིང་གཏམ་དྲིས་ཏེ།། བརྫངས་ནས་ཕྱྀར་གཏང་ངོ།།”ཞེས་བྱུང༌། འདི་དག་ཕན་ཚུན་བསྡུར་ན། རྒྱའི་ཡིག་ཚང་སྔ་མ་ལས་བྱུང་བ་དེ་བསྡུས་དྲགས་ཀྱང་རྡོ་རིང་གི་ཡི་གེ་དང་འགལ་བ་མེད།ཡིག་ཚང་ཕྱི་མ་ལས་བྱུང་བ་དེ་རྡོ་རིང་གི་ཡི་གེ་ལས་བྱུང་བ་དང་ཧ་ཅང་མཐུན་པར་མ་ཟད།རྒྱའི་ཡིག་ཚང་དེ་ལས་ཀྱང“ཐོག་མར་འདུམ་ཡིག་གནད་བསྡུས་བསྐུར་ཡོང་བ་ལས”ཞེས་པས།ཆིངས་ཡིག་གི་ཕྱི་མོ་དེ་བོད་ཀྱིས་བྲིས་པ་ནི་གསལ་ལ་ཕྱི་མོ་དེའང་བོད་ཡིག་ཡིན་པར་སྙམ་ཞིང༌།དེ་དོན་ཐང་རྗེའི་ཐུགས་ལ་ཧ་ཅང་བབས་ནས“བླང་དོར་ཅི་ཡང་མ་མཛད་པར”“བཀས་གནང་བ”ནི་ཝལ་ལེར་གསལ། དེ་ཡང་རྡོ་རིང་གི་ཡི་གེ་ལས་བྱུང་བ་བཞིན། ནུབ་ངོས་ཀྱི་ཆོད་ཡིག་ནི་མདོར་བསྡུས་ཙམ་ཡིན་ཞིང༌། “གཙྀགས་ཀྱྀ་ཡྀ་གེ་ཞྀབ་མོར་བྲིས་ནས།།རྒྱལ་པོ་ཆེན་པོ་གཉྀས་ཀྱྀ་ཕྱག་རྒྱས་བཏབ”སྟེ“སོ་སོའི་ཕྱག་སྦལ་དུ་བཞག”ཡོད་པའི་རྒྱས་པ་ཉིད་མིན་སྙམ་མོ།།

དཔྱད་གཏམ།